ཕྱོགས་སྟོན་འཁོར་ལོ།

སྔར་གྲོགས་པོ་ལྔ་ཡོད་པ་མཉམ་དུ་སོང་མ་མྱོང་བའི་རི་ཁུལ་ཞིག་ལ་རྐང་འགྲོས་བྱེད་དུ་སོང་། ལྷན་རྒྱས་རི་ལ་ཧ་ཅང་དགའ་ཞིང་མཉམ་དུ་ཕྱི་རོལ་དུ་སྐྱོད་ཐུབ་པས་དགའ་བ་འབུམ་གྱིས་མྱོས་པ་རེད། གནམ་གཤིས་ཀྱང་ཧ་ལས་པ་ཡག་པས་གྲོགས་པོ་རྣམས་རི་ལུང་མྱུལ་བར་དུངས་བཞིན་ཡོད། ས་སྲོད་ཀྱི་དུས་སུ་ཁོང་རྣམས་ཐང་ཆད་ནས་བྲག་ཕུག་ཅིག་ཏུ་ཞག་གིས་བསྡད། ཕྱི་ཉིན་ཞོགས་པར་ཁོང་རྣམས་སད་ཡོང་དུས་ཁོ་ར་ཁོར་ཡུག་ཁ་སང་དང་མི་གཅིག་པར་གྱུར་ཡོད་དེ། མདང་ནུབ་ཞག་གང་བོར་ཁ་བ་བབས་ནས་གནམ་ངོ་རུབ་ཡོད་ལ་ཁ་སང་གི་སྔོ་དྭངས་དྭངས་གི་གནམ་ངོ་དེ་གར་སོང་ཆ་མེད་དུ་གྱུར་འདུག

ཁ་སང་གི་གནམ་ངོ་ཧ་ཅང་ཡག་པ་དང་ཁོར་ཡུག་ཐམས་ཅད་དྭངས་གསལ་ཡིན་པས་སུས་ཀྱང་ག་འགྲོ་གར་འདུག་ལ་མཉམ་མ་བཞག་པ་དང་། གྲོགས་པོ་ཚང་མས་རང་ཉིད་ཡོང་སའི་ལམ་དང་ས་ཕྱོགས་རྙེད་ངེས་རེད་སྙམ། ཡིན་ནའང་ཁ་བ་བབས་རྗེས་ཁོར་ཡུག་འགྱུར་ནས་ཡུལ་ཆ་མེད་ཅིག་ཡིན་པར་སྣང་། དེ་ནས་ཁོང་ཚོས་གང་འདྲ་བྱས་ནས་ཕྱིར་ལོག་དགོས་པར་གྲོས་བཏབ་པ་དང་ཁོང་རྣམས་ལས་གཅིག་ས་ཕྱོགས་གཅིག་ལ་འགྲོ་བར་བརྩམས། ཡང་གཅིག་གིས་དེ་ནི་རང་ཅག་ཡོང་སའི་ལམ་མ་རེད་ཟེར། དེ་བཞིན་གྲོགས་པོ་ལྔ་བོར་ཁོང་རྣམས་ཡོང་སའི་ལམ་ལ་ལྟ་ཚུལ་མི་འདྲ་བ་རེ་བྱུང་བ་རེད།

དེ་ནས་ཁོང་རྣམས་ལས་གཅིག་གིས་རང་གི་ཁུག་མའི་ནང་དུ་ཕྱོགས་སྟོན་འཁོར་ལོ་ཞིག་ཡོད་པ་ཡིད་ལ་དྲན་པ་དང་། ཕྱོགས་སྟོན་འཁོར་ལོ་ནི་ཁྱེད་རང་ལ་ཁ་ཕྱོགས་སྟོན་སྤྱད་ཡོ་ཆས་ཤིག་རེད། དེས་ཁྱེད་ལ་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་གསལ་བོར་སྟོན་ཐུབ་པ་རེད། དེར་གྲོགས་པོ་རྣམས་ཀྱིས་ཕྱོགས་སྟོན་འཁོར་ལོ་ལ་ཞིབ་ཏུ་བལྟས་ནས་རང་གི་རླངས་འཁོར་འཇོག་སའི་ས་གནས་རྙེད་པར་མ་ཟད་ཚགས་མེད་དུ་ཕྱིར་རང་ཡུལ་ལ་སླེབས་པ་རེད།

དེ་དང་དེ་བཞིན་དུ་དམ་པའི་གསུང་རབ་ཀྱང་རང་ཅག་གི་མི་ཚེའི་ཁ་ཕྱོགས་སྟོན་བྱེད་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཡིན་ལ། མི་མང་པོ་ཞིག་ལ་ཁ་ཕྱོགས་གང་དུ་འགྲོ་དགོས་པ་དང་འཚོ་བ་ཅི་ལྟར་རོལ་དགོས་པ། ལེགས་ཉེས་ཀྱི་དབྱེ་བ་ཅི་ལྟར་འབྱེད་དགོས་པ་སོགས་ཀྱི་བསམ་ཚུལ་ཡོད་སྲིད།

ཡིན་ནའང་དམ་པའི་གསུང་རབ་ཀྱིས་ང་ཚོ་ལ་མི་ཚེའི་ཁ་ཕྱོགས་སྟོན་པར་མ་ཟད་འཚོ་བ་ནང་གི་སོམ་ཉི་རྣམས་ལ་ལན་ཡང་འདེབས་པ་རེད། དེས་རང་ཅག་ལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་སུ་འཇུག་པ་དང་། རང་ཅག་གང་ནས་ཐོན་ཞིང་གང་དུ་འགྲོ་བའང་གསལ་བོར་སྟོན་པར་མ་ཟད། རང་ཅག་སྡིག་པ་ལས་ཅི་ལྟར་ཐར་ཐུབ་པའང་བསྟན་ཡོང་།

ཁྱེད་རང་ཁ་ཕྱོགས་ནོར་མྱོང་ངམ། ཁྱེད་ཀྱིས་རང་ཉིད་ལའང་མི་ཚེའི་ལམ་ཁ་སྟོན་པའི་ཕྱོགས་སྟོན་འཁོར་ལོ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་ཡིན་ནམ།

རྗེས་སུ་ངེད་རྣམས་ཀྱིས་དམ་པའི་གསུང་རབ་ལས་རང་ཅག་གི་མི་ཚེའི་ཁ་ཕྱོགས་དང་འབྲེལ་བའི་མདོ་དང་སྒྲུང་རྣམས་བཙལ་ནས་འདིར་མུ་འགོད་བྱེད་རྒྱུ་ཡིན་པས་ཐུགས་མཉམ་ཡོད་པར་ཞུ།

དེ་ཡང་དམ་པའི་གསུང་རབ་ལས་འདི་ལྟར་གསུངས་ཡོད་དེ། ཁྱེད་ཀྱི་བཀའ་ནི་མདུན་གྱི་སྒྲོན་མེ༌དང༌། །ང་ཡི་ལམ་གྱི་འོད་ཟེར་དེ་ཡང༌ཡིན། ། ༼གསུང་མགུར། ༡༡༩:༡༠༥༽

དེ་ལས་ཞིབ་ཕྲ་ཤེས་འདོད་ན་འདི་གར་འབྲེལ་བ་གནང་རོགས།