བཟའ་ཟླ་མང་པོ་ཞིག་ནི་རེ་བ་མང་པོ་ཞིག་དང་བཅས་གཉེན་བསྒྲིགས་པ་ཡིན། སྟོན་མོ་མཇུག་རྫོགས་ཏེ་ཉིན་རྒྱུན་གྱི་འཚོ་བ་འགོ་བརྩམས་པ་ན། ང་ཚོས་རང་གི་ཁྱོ་གའམ་ཡང་ན་ཆུང་མ་དེ་ནི་སེམས་ནས་རེ་བ་བྱས་པ་ལྟ་བུའི་མི་ཕུལ་དུ་བྱུང་བ་དེ་མིན་པ་གཞི་ནས་ཚོར་ཡོང་། དེ་ནས་ཕན་ཚུན་འགྲོགས་ཡོང་དུས་སྔར་མཐོང་མ་མྱོང་བ་རྣམས་ཀྱང་མཐོང་ཡོང་། རང་ཅག་ནི་མི་གཞན་ལ་བཅངས་པའི་རེ་བ་རྣམས་སྙོམ་སྒྲིག་བྱེད་པར་འཐད་དགོས་ཏེ། གོམས་གཤིས་ཡ་མཚན་ཅན་དང་བྱ་སྤྱོད་མཚར་པོ། བྱེད་སྟངས་མི་འདྲ་བ་ལ་སོགས་པ་དཔེར་ན། དེང་སང་གི་བུད་མེད་ཚོ་མོ་མགོ་ཇེ་མཐོར་སོང་ནས་རང་གི་སྐྱེས་པ་ལའང་དེ་འདྲའི་བརྩི་བཀུར་མེད་པ་དང་། ན་གཞོན་ཚོ་རྒན་པ་ཞིག་ནང་ལ་ཡོང་དུས་ཡར་ལང་མི་ཤེས་པ། ཡང་ན་འགྲུལ་བ་ཡོང་དུས་ཡིན་ན་འདྲ། མི་རྣམས་མཉམ་དུ་འཛོམས་དུས་ཡིན་ན་འདྲ་ཕན་ཚུན་ཁ་བརྡ་མི་བྱེད་པར་ཁ་པར་ལ་ཧྲིག་ནས་འདུག་པ། བུད་མེད་རྣམས་ཀྱིས་ཁྱིམ་ལས་ལ་མི་བརྩོན་པར་ཆོས་འདོན་དགོས་ཟེར་ནས་ཡར་མར་ཉུལ་ནས་སྐྱེས་པ་དང་བྱིས་པ་རྣམས་ལ་ཁ་ཡ་མི་བྱེད་པ་ལ་སོགས་པ་ལྟ་བུ།
ཡང་བཟའ་ཟླའི་འབྲེལ་བའི་ནང་དུ་བསླབ་བྱ་གལ་ཆེན་ཞིག་ཡོད་པ་ནི་རང་ཅག་གིས་སྐྱེས་པ་དང་ཆུང་མར་བཅངས་པའི་རེ་བ་དེ་མཁྲེགས་འཛིན་བྱེད་པ་ལས་རང་གི་སྐྱེས་པའམ་ཡང་ན་ཆུང་མ་ནི་མི་གང་འདྲ་ཞིག་ཡིན་ན་དེ་བཞིན་དུ་ཁས་ལེན་རྒྱུ་དེ་ཡིན།
ང་ཚོས་མི་ཞིག་གང་འདྲ་ཡིན་ན་དེ་བཞིན་ཁས་ལེན་པའི་དུས་སུ། མི་དེ་ནི་ཕུལ་དུ་བྱུང་བ་ཞིག་མིན་ནའང་། ང་ཚོས་ཁོ་རང་གལ་ཆེན་ཡིན་པ་དང་ང་ཚོ་ཁོ་རང་ལ་དགའ་བའི་རྟགས་བསྟན་པ་ཡིན།
ཕན་ཚུན་ཁས་ལེན་པ་འདིས་མི་རྣམས་གང་འདྲ་ཡིན་ན་དེ་བཞིན་འཚོ་བར་རང་དབང་གནང་བ་ཡིན། རང་ཅག་གི་ཁྱིམ་ནི་ང་ཚོ་གང་འདྲ་ཡིན་ན་དེ་བཞིན་འཚོ་ཐུབ་པ་དང་བཟའ་མི་ཕན་ཚུན་ཁས་ལེན་ས་ཞིག་ཡིན་དགོས། ཕན་ཚུན་ཁས་ལེན་པའི་རྣམ་འགྱུར་དེས་མི་གཞན་ལ་འགྱུར་བ་ཐེབས་སུ་འཇུག་པ་ཡིན། གང་ལ་ཞེ་ན། ནོར་འཁྲུལ་བཟོས་པའམ་ཡང་ན་ཕ་རོལ་བོ་མི་དགའ་བའི་དོན་ཞིག་བྱས་ཀྱང་ཁྱིམ་མིས་ད་དུང་རང་ཉིད་ལ་གཅེས་པ་དང་བརྩི་བཀུར་བྱེད་པ་ཚོར་བས་ཡིན།
རང་གི་བཟའ་ཟླ་ཁས་ལེན་པ་དེས་བཟའ་ཟླ་ལ་རང་ཉིད་ཕུལ་དུ་བྱུང་བ་ཞིག་མིན་ནའང་བཟའ་ཟླས་རང་ཉིད་ལ་གཅེས་པ་ཚོར་དུ་འཇུག་ཐུབ་པ་ཡིན།
དེ་ལས་ལྡོག་ན་ཁས་མི་ལེན་པ་ཡིན་ཏེ། དཔེར་ན་སྐྱེས་པ་ཞིག་གིས་ནམ་རྒྱུན་རང་གི་ཆུང་མར་སྐྱོན་བརྗོད་དེ་ཆུང་མས་བཟོས་པའི་ནོར་འཁྲུལ་རྣམས་གླེང་བ་ཡིན་ན། ཆུང་མ་དེས་རང་ཉིད་ལ་ཁས་ལེན་མ་ཐོབ་པ་ཚོར་བ་ཡིན། གལ་ཏེ་མི་ཞིག་གིས་དུས་ཡུན་རིང་ཞིག་ལ་རང་ལ་ཁས་ལེན་མ་ཐོབ་པ་ཚོར་དུས་སུ་རང་གི་སེམས་ཀྱི་སྒོ་མོ་རྒྱག་པ་ཡིན། དེས་ན་ཁྱོད་ཀྱིས་རང་གི་སྐྱེས་པའམ་ཆུང་མ་ཅི་ལྟར་ཁས་ལེན་པའི་ཐད་ཐབས་ལམ་རིགས་གསུམ་བཙལ་བར་མཛོད།